English | Tiếng Việt | བོད་ཡིག

ལགས། ངས་འདི་ལ་ཡང་བསྐྱར་ཅུང་ཞིག་སྣོན་པ་བརྒྱབ་ཡོད། དགོངས་པ་མ་འཚོམས། ནངས་དུས་ཆུ་ཚོད་བརྒྱད་པ་ལ་ཁྱེད་འདིར་ཕེབས་པར་བྱེད་རོགས། བཀའ་དྲིན་ཆེ།

ང་དང་ང་ཡི་བྱ་བ་དང་ཁྱོད་དང་ང་ཡི་བསམ་བཟང་།

ད་ལན་ངས་འདི་ནས་ལོ་འདི་མིན་གྱི་བར་ཁྱེད་རྣམས་ཀྱིས་ཐུགས་བརྩེ་དང་སྙིང་སྟོབས་བླ་ན་མེད་པའི་སྒོ་ནས་ངེད་ཅག་ལ་ཧ་ལས་པའི་རྒྱབ་སྐྱོར་དང་། རོགས་པ། བྱམས་གཟིགས། སྤྲོ་སེམས་གནང་བར་བཀའ་དྲིན་ལན་བརྒྱར་ཞུ་བ་ཡིན། དེ་དང་ཆབས་ཅིག་ང་ཡིས་ལོ་འདི་དག་ལ་དགོན་སྡེ་གྲྭ་ཚང་དང་དེའི་ཕྱི་ནང་གི་གནས་ཚུལ་སྐོར་ཅུང་ཞིག་ཀྱང་ཁྱེད་རྣམ་པར་སྙན་གསན་ཞུ་འདོད་པ་ཡིན། ངེད་ཅག་ནི་མཐོ་སྒང་གི་ས་ཆེན་སྟེ་འཛམ་གླིང་གི་གཙུག་ཏོར་ལྟ་བུའི་གངས་ཅན་བོད་ཀྱི་ཁམས་ན་གནས་ཆགས་ཤིང་། ཕྱོགས་གཅིག་ནས་བཤད་ན་དེ་ནི་རི་མཐོ་ས་ཡངས་དང་། ཆུ་དྭངས་རླུང་གཙང་། གནམ་སྔོན་སྤྲིན་དཀར་གྱི་མཛེས་སྡུག་ཕུན་སུམ་ཚོགས་པ་དང་། ད་དུང་སངས་རྒྱས་ཀྱི་བསྟན་པ་ལེགས་པར་དར་ཞིང་། ཆོས་ལྡན་སྐྱེས་འགྲོས་ཡོངས་སུ་གང་བ་དང་། ཁྱད་པར་དུ་དགོན་པ་དང་དགེ་འདུན་འདུས་པའི་སྡེ་དབྱར་གྱི་རྩི་ཐོག་བཞིན་རྒྱས་ཡོད་པ་དེ་འདྲ་ཞིག་ཡིན། ཡང་ཕྱོགས་གཅིག་ནས་བཤད་ན་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། གྲང་རླུང་གི་ནུས་པ་མཐོ་བ། གནམ་གཤིས་ཀྱི་རང་བཞིན་འགྱུར་ལྡོག་ཧ་ཅང་ཆེ་བ། དེང་དུས་ཀྱི་འཕེལ་རྒྱས་དང་ད་དུང་ཁ་ཐག་ཅུང་རིང་བ། དཔལ་འབྱོར་གྱི་རྨང་གཞི་ཅུང་ཞན་པ་ཞིག་ཡིན། མདོ་སྨད་མཚོ་སྔོན་པོའི་གཟི་འོད་ལྷམ་མེར་འཕྲོ་བའི་ལྷོ་ཕྱོགས་སུ་ལྕགས་མོ་མགོ་ལོག་གི་དབང་ཐང་ས་ལ་འཁྱིལ་ཡོད་པ་རེད། མགོ་ལོག་ནི་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་ཡ་གྱལ་གཅིག་ཡིན་པ་དང་། དེ་ཡི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་བདུན་ཁྲི་བདུན་སྟོང་ཡོད་ལ་མི་གྲངས་ཆིག་འབུམ་དྲུག་ཁྲི་ཙམ་ལས་བོད་རིགས་ཆིག་འབུམ་ལྔ་ཁྲི་ཡས་མས་ཤིག་ཡོད་པ་རེད། འདི་ལ་རྫོང་ཁག་དྲུག་ཡོད་པ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ལྟ་བུ་དེ་ལ་རྟ་བོར་གྲོང་གདལ་ཞེས་འབོད། དེ་ནི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ངོས་སུ་ལེ་བར་བཞི་བརྒྱ་བཞི་བཅུ་ཙམ་ན་ཡོད། མཐོ་ཚད་རྨིད་༦༢༨༢ཙམ་ཟིན་པའི་བོད་གངས་ཅན་གྱི་ཡུལ་ལྷ་ཆེན་པོ་རྨ་ཆེན་གངས་རིའི་གཟི་འོད་ལམ་མེར་འཕྲོ་བ་སོགས་གངས་རི་དང་། ནགས་རི། ནགས་ཀླུང་། རྫ་རི། སྤང་རི། རྩྭ་ཐང་། གོ་ལའི་ཐོག་མཚན་སྙན་གྱི་འགྱུར་ཁུག་མཆེད་པའི་རྨ་ཆུ་སོགས་ཆུ་བོ་དང་། མཚོ་དང་མཚེའུ་སོགས་རང་བྱུང་གི་བཀོད་པ་ལྷུན་གྱིས་གྲུབ་པ་ཞིག་དང་། གངས་ཀྱི་སེང་གེ་དང་། ཁ་བའི་གཟིག འབྲོག་གཡག་དར་མ། རྐྱང་བུ་ཁ་དཀར། གཙོད་སོགས་མཐོ་སྒང་ལ་འཚོ་བའི་གཅན་ཟན་རི་དྭགས་ཀྱི་ཁྱུ་ཚོམ་ཀྱང་ཤིག་ཤིག་ཏུ་གནས། ཡུལ་འདིའི་མི་མང་གིས་འཚོ་བ་གཙོ་བོ་ནི་ཕྱུགས་ལས་ཀྱི་ཡོང་སྒོ་ལ་བརྟེན་ཡོད་པ་རེད། ངེད་ཀྱི་དགོན་སྡེ་དེ་ནི་རྙིང་མའི་རིག་འཛིན་འཇིགས་མེད་གླིང་བའི་ཡང་སྤྲུལ་དུ་གྲགས་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཞེས་པའི་གྲུབ་ཐོབ་ཆེན་པོ་དེས་ཕྱི་ལོ་ཅིག་སྟོང་བརྒྱད་བརྒྱ་བའི་ལོ་རབས་ཉི་ཤུ་བའི་ནང་དུ་བཏབས་པ་རེད། དེ་ནི་ཐོག་མར་འབྲོག་པའི་སྦྲ་གུར་གྱི་དགོན་སྡེ་ཟེར་བ་ལྟ་བུ་ལས་གནས་གཅིག་ཏུ་གཞིས་ཆགས་པ་མིན་པར་གནས་ངེས་མེད་དུ་སྤོ་ནས་འགྲོ་བའི་ཚོགས་པ་ཞིག་ཡིན་པ་རེད། འདི་ལ་ལོ་རྒྱུས་ཐོག་ཁ་ཆེའི་དམག་གི་ཉེན་ཁ་དང་རིག་གནས་གསར་བརྗེ་ཆེན་པོའི་དཀའ་ངལ་སོགས་ལ་འཕྲད་ནས་སྲོག་འཚོ་མི་འཚོའི་གནས་ཚུལ་དང་འཕྲད་ཡོད། འོན་ཏེ་བླ་རབས་རྣམས་ཀྱིས་སྙིང་སྟོབས་དང་དཀའ་ལས་སྣ་མང་བརྒྱབ་པའི་སྟོབས་ཤུགས་ཀྱིས་དགོན་སྡེ་འདིའི་ལོ་རྒྱུས་བརླག་མ་ཤོར་བ་དང་། ཁྱད་པར་དུ་དགོན་པའི་སྲོག་ཤིང་ལྟ་བུའི་ཆོས་བརྒྱུད་རྣམས་ཉམས་མེད་དུ་སྲུང་སྐྱོབས་ཐུབ་ཡོད་པ་རེད། བླ་རབས་དགུ་བ་སྐྱབས་རྗེ་པདྨ་གཏུམ་དྲག་རྡོ་རྗེ་(བླ་མ་སང་) མཆོག་གིས་སྤྱི་ལོ་༡༩༨༠ལོར་དགོན་པ་འདི་འཛུགས་བསྐྲུན་ཅན་དུ་བསྒྱུར་བ་རེད། དགོན་པ་འདི་ཡང་རྒྱ་ནག་སྲིད་གཞུང་ལ་ཐོ་འགོད་བྱས་ཡོད་པའི་ཁྲིམས་མཐུན་གྱི་ཆོས་སྡེ་ཞིག་ཡིན། བླ་མ་སང་གིས་སྐུ་ངལ་བརྒྱ་སྟོང་མང་པོར་བརྒྱུད་ནས་ཆོས་སྡེ་བཙུག་པ་དང་། དེ་ཡང་མི་མང་གིས་རེ་བ་དང་དད་ལྡན་རྣམས་ཀྱི་དགོས་པ་སྐོང་ཕྱིར་དགོན་སྡེ་འདི་བཙུག་པ་རེད། དེ་བཞིན་གྲྭ་བ་སུམ་ཅུ་བཞི་བཅུ་ནས་བཞི་བརྒྱ་ལྔ་བརྒྱའི་བར་གོང་འཕེལ་དུ་བཏང་བ་དང་། སྔགས་པ་བརྒྱ་འཕྲག་གི་བར་གསོ་སྐྱོང་བྱས་ཡོད་པ་རེད། གངས་ལྗོངས་བྱ་རུང་ཁ་ཤོར་དང་། མདོ་སྨད་བསམ་ཡས། གངས་ལྗོངས་བྷོ་དྷ་གྷ་ཡ་སོགས་འཛུགས་བསྐྲུན་བྱས་གནང་བ་རེད། དེ་ཡང་མི་རྟག་པ་ནི་ནམ་དུ་ཡང་དངོས་པོའི་རང་གཤིས་དེ་ཡིན་པ་ལྟར་བླ་མ་སང་ཞིང་གཞན་དུ་གཤེགས་པའི་རྣམ་ཐར་ལ་ཞུགས་སོང་བ་རེད། ཉིས་སྟོང་ཐམ་པ་སོགས་ནས་ངེད་ཀྱིས་བླ་མ་སང་གིས་ཐུགས་རེ་བཞིན་དགོན་སྡེ་འདིའི་ཕྱི་ནང་གི་བྱ་བར་བདག་གཉེར་བྱེད་འགོ་ཚུགས་ཡོད། ལྷག་པར་བླ་མ་སང་ཞི་བར་གཤེགས་པ་ནས་བཟུང་དགོན་སྡེ་འདིའི་སྡེ་འབངས་ཡོངས་ཀྱིས་ང་ལ་རེ་བའི་མིག་ཟུང་གིས་བལྟ་ཞིང་། འབོད་སྐུལ་གྱིས་ཐལ་མོ་སྙིང་གར་ཟླུམ་པ་བྱུང་བས་ངེད་ཀྱི་ཕྲག་པ་ལ་ཟློག་ཏུ་མེད་པའི་ལས་འགན་འདི་བཞག་པར་བྱས། དགོན་སྡེ་ཞིག་གི་བསྟན་བདག་བྱེད་རྒྱུ་ནི་སྤྱིར་བཏང་བཤད་ན་མི་མང་པོས་འབད་བརྩོན་དང་ཡང་ན་འཐབ་རྩོད་བྱེད་སྲིད་པའི་གོ་ས་ཞིག་རེད། འོན་ཏེ་ངེད་ལ་མཚོན་ན་ལས་གནས་འདི་རང་ཤུགས་ཀྱིས་ཕྲག་པར་བབས་པའམ་ཡང་ན་གཞན་གྱིས་ལས་བཅོལ་བྱས་པ་ལས་བྱུང་བ་ཞིག་ཡིན། ང་ལ་མཚོན་ན་ལས་གནས་འདི་ལ་རེ་བའི་འདོད་པ་ཅུང་ཙམ་ཡང་ཡོད་མ་མྱོང་ལ། ད་ལྟ་བལྟ་དུས་མི་མང་པོས་ཆོས་གཞུང་ལ་སློབ་སྦྱོང་བྱེད་པ་ནི་མ་འོངས་པར་རང་ཉིད་སློབ་དཔོན་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་དང་། ཕྱི་རྒྱལ་དུ་འགྲོ་རྒྱུ། རྒྱལ་ནང་གི་གྲོང་ཁྱེར་དག་ལ་འགྲོ་རྒྱུ། སློབ་མ་མང་པོ་འོང་རྒྱུ། དགོན་པ་རེའམ་ལྷ་ཁང་རེ་རྒྱག་ཨེ་ཐུབ་བམ་བསམ་པའི་དམིགས་ཡུལ་ཁོག་ལ་བཅུག་ནས་ཡོད་པ་མང་པོ་རེད། ང་ལ་མཚོན་ན་སྔར་རིག་གནས་དང་གཞུང་ལུགས་ལ་སྦྱང་བ་བྱས་པའི་ཚེ་ན་འདུ་ཤེས་ཡོད་ཚད་སློབ་སྦྱོང་གི་ནང་དུ་འཛུལ་བ་ལས་དམིགས་ཡུལ་གཞན་པ་གང་ཡང་མེད། དེ་ཕྱིར་དགོན་པ་ཞིག་གི་བསྟན་བདག་བྱེད་རྒྱུའི་ལས་འགན་གློ་བུར་དུ་བྱུང་དུས་སེམས་ནང་ལ་དམིགས་བསལ་གྱིས་དགའ་སྣང་ཅི་ཡང་བྱུང་མེད། སྤྱིར་བཏང་བཤད་ན་དགོན་སྡེ་ཞིག་གི་བསྟན་བདག་ཡིན་ན་ཐོས་བསམ་གྱི་ཕྱོགས་ན་ལག་རྗེས་ཆེ་བ་ཞིག་ཡིན་དགོས་པ་ལྟ་བུ་ཡིན་ལ་དགོན་བདག་མང་པོ་ཡང་ཧ་ཅང་གིས་མཁས་བཙུན་བཟང་གསུམ་འཛོམ་པའི་སྐྱེས་བུ་དམ་པ་ཡིན་པ་དང་། ཡང་དགོན་བདག་མང་པོ་རེ་ནི་གཞུང་ལུགས་མི་ཤེས་ཤིང་ཤེས་རྒྱ་ཆུང་བ་སྟེ་འུ་ཚུགས་ཀྱིས་གོ་ས་བཟུང་བ་དང་། རྒྱུ་སྟོབས་ཀྱིས་དགོན་བདག་གི་གོ་ས་བཟུང་ཡོད་པའང་མཆིས། ང་ལ་མཚོན་ན་འཇིག་རྟེན་འདིར་སྐྱེས་པའི་དུས་ཚོད་དེ་ནི་ཕུན་སུམ་ཚོགས་པ་ཞིག་མ་རེད། ང་ལོ་ན་དགུ་ཙམ་གྱི་སྐབས་སུ་ཡི་གེ་སྦྱོར་ཀློག་གི་སློབ་སྦྱོང་འགོ་ཚུགས་ཐུབ་ཙམ་བྱུང་བ་རེད། དུས་དེ་ནི་མི་ཚང་མའི་སེམས་ལ་འཇིགས་སྣང་ཤུགས་ཆེ་ཞིང་ཆོས་ལུགས་ཀྱི་ཆོ་ག་དང་སློབ་སྦྱོང་སོགས་གང་འདོད་དུ་མི་བྱེད་པ་དང་། དེ་ཡང་མཚན་མོའི་ཁུ་སིམ་པོ་ནི་ངེད་ཅག་ལ་སློབ་སྦྱོང་སྟེར་བའི་དུས་ཚོད་ཞིག་རེད། དེ་དུས་ཁོར་ཡུག་དེ་སྐོར་དུ་སློབ་གྲྭ་སོགས་མེད་ཅིང་དགོན་པ་སོགས་དེ་བས་ཀྱང་མེད་པ་མ་ཟད་ཆོས་པའི་ཆས་ཀྱིས་སྤྲས་པའི་གྲྭ་བའང་ཅི་ཡང་མཐོང་རྒྱུ་མེད་པ་རེད། རིམ་པས་རྒྱལ་ཁབ་ཀྱིས་ཆོས་ལུགས་སྒོ་འབྱེད་བྱས་སྐབས་སྔར་ངེད་ཚོ་དང་ལྷན་ཅིག་གནས་པའི་གྲོགས་པོ་མང་པོས་རང་ཉིད་སྡོམ་པ་དང་ལྡན་པའི་གྲྭ་བ་ཡིན་པའི་རྣམ་པ་སྟེ། ངུར་སྨྲིག་གི་གོས་སླར་ཡང་ཀླུབ་པར་བྱས་པས་གློ་བུར་དུ་སྤང་ལ་མེ་ཏོག་རྒྱས་པ་ལྟ་བུའི་དགེ་འདུན་པའི་སྡེ་ཞིག་མངོན་པར་གྱུར། ཁོང་རྣམ་པས་དགོས་པའི་དབང་གིས་ཕྱིའི་ཆ་ལུགས་དཀྱུས་མར་བསྒྱུར་ནས་ཡོད་ཅིང་། ལག་ཏུ་འཕྲེང་བ་ཐོག་པའང་དཀོན་ལ། མགོ་རྒྱ་རིལ་ཡིན་པ་ཙམ་ལས་ཆོས་པའི་ཆ་ལུགས་སམ་རྟགས་ཅི་ཡིན་གོ་དཀའ་བར་གནང་ཡོད་པ་རེད། ཡིནའང་ནང་དུ་བསླབ་གསུམ་རྣམ་དག་གི་དཔལ་ལ་སློད་པ་མེད་པར་རོལ་བའི་དགེ་བའི་བཤེས་གཉེན་དང་དགེ་འདུན་པ་དེ་དག་གི་བཀའ་དྲིན་གྱི་མཐུས་ངེད་ཅག་ལ་སངས་རྒྱས་ཀྱི་གཞུང་ལུགས་དག་གི་དགོངས་པའི་བདུད་རྩི་ལེགས་པར་སྟེར། ངེད་རང་ལ་མཚོན་ན་ཆོས་དང་རིག་གཞུང་སྦྱང་བའི་གོ་སྐབས་ཧ་ཅང་ཕུན་སུམ་ཚོགས་པའམ་ཨང་དང་པོ་ཞིག་བྱུང་མེད་ཀྱང་། དུས་ཀྱིས་མནར་བ་དང་ཡང་ན་རང་གི་བག་ཆགས་ཀྱི་དབང་གིས་ཆོས་ལ་སྦྱང་བ་མི་བྱེད་པའི་བླ་མ་དང་གྲྭ་བ་དེ་དག་ལ་ལྟོས་ནས་བཤད་ན་ང་ནི་ཤེས་ཡོན་དང་ཆོས་ལ་བག་ཆགས་བཞག་པའི་གོ་རིམ་རན་པ་ཞིག་ཡོད་པ་དང་དེ་ཕྱིར་ང་ནི་སྐལ་བ་བཟང་པོ་དང་ལྡན་པ་ཞིག་རེད་སྙམ་ཡོད། དེ་བས་ཀྱང་རང་གི་ཆོས་བརྒྱུད་གསང་སྔགས་རྙིང་མའི་ཆོས་གཞུང་དབུ་ཕར་དང་། གཞན་ཡང་སྔོན་འགྲོ རྩ་རླུང་། རྫོགས་ཆེན་སོགས་བསྐྱེད་རྫོགས་ཀྱི་ཆོས་སྐོར་ཆ་ཚང་ལ་ཐོས་བསམ་བྱས་པ་དང་དེའི་སྟེང་དུ་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་བཞག་སོགས་ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་ལ་ཐོས་བསམ་བྱེད་ཐུབ་པ་བྱུང་བ་ནི་མིག་གསལ་བ་ལ་རྒྱང་ཤེལ་བརྒྱབ་པ་ལྟ་བུ་བྱུང་། མ་ཟད་རྒྱལ་ཁབ་གཞན་དག་གི་སྐད་དང་རིག་གཞུང་ལའང་ཐུག་འབྲེལ་བྱེད་ཐུབ་པ་ལ་ལྟོས་ནས་འཛམ་གླིང་གི་མིའི་འདུ་ཤེས་དང་གོམས་གཤིས་སོགས་ལ་རྒྱུས་ལོན་ཞིག་དང་། འཛམ་གླིང་གི་སྟེང་དུ་སྐྱིད་སྡུག་མཉམ་གཤིབ་བྱེད་པའི་གྲོགས་པོ་ཕོ་མོ་མང་ཙམ་ཞིག་དང་ངོ་ཤེས་དང་བློས་ཐུབ་ཀྱི་གྲོགས་སུ་གྱུར་ཐུབ་པ་བྱུང་ཡོད། ལས་དང་སྨོན་ལམ་འདི་ལྟ་ལ་ལྟོས་ནས་བཤད་ན་ང་ནི་སྐྱེ་བ་སྔ་མ་ཞིག་ནས་འཛམ་གླིང་གི་ཐོག་ཏུ་གོམ་པས་རབ་ཏུ་བསྒྲོད་པ་དང་། ཐམས་ཅད་ལ་བྱམས་བརྩེའི་ཟུར་མིག་གིས་ཡང་ཡང་བལྟས་ཤིང་། ཕན་འདོད་ཀྱི་སྙན་ཚིག་འཇམ་པོས་ཀུན་ལ་ཞི་བར་གྱུར་ཅིག་ཅེས་པའི་སྐུལ་འདེད་ཡང་ཡང་བྱས་མྱོང་བ་ཞིག་ཡིན་པར་སྣང་སྟེ། ད་ལྟའི་དུས་སུའང་ང་ཡི་གྲོགས་པོ་དག་གིས་ང་ལ་ཞི་བ་དང་བྱམས་པར་གནང་བ་ལོས་ཀྱང་ཡིན་ནོ།། ངས་ནི་ཁྱེད་རྣམ་པར་ཞི་བ་དང་བྱམས་པ་རྒྱས་པའི་བརྡ་ཐབས་མཛད་པ་ལས་ང་ལ་གནང་སྐྱེས་གང་ཡང་མེད། དེ་ཡང་ང་ནི་དུས་བཞི་གང་ལའང་གནག་གི་རྗེས་སུ་རྒྱུག་པར་བྱེད་ཅིང་། གཡག་དང་ཕྱུགས་དེ་དག་གིས་གནང་བའི་ཤ་དང་ལྤགས། ཞོ་དང་འོ་མར་ལ་བརྟེན་ནས་འཚོ་བ་རོལ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་པར་གྱུར། ཁོར་ཡུག་དེ་ལ་ནི་སྔོན་མའི་དུས་ན་དེང་རབས་ཀྱི་ཤེས་ཡོན་ལ་སོགས་པ་མིང་ཙམ་ཡང་གོ་རྒྱུ་མེད་པ་དང་། ཁྱིམ་བརྒྱུད་ཀྱི་ལས་ཀ་ནི་རྒན་པ་ནས་གཞོན་པའི་བར་ཕྱུགས་འཚོ་བའི་ལས་རིགས་རྒྱུན་འཁྱོངས་བྱེད་པ་ལས་རིག་གནས་སྦྱང་སྟེ་ཀླད་པ་བེད་སྤྱོད་བྱེད་དོ་སྙམ་པའི་གོམས་སྲོལ་མེད་པ་ཞིག་ཡིན། ང་ཚོའི་ཁྱིམ་རྒྱུད་ནི་ས་གནས་དེར་ལྟོས་ན་མི་དང་ལོངས་སྤྱོད་ཐམས་ཅད་འཛོམ་པ་ཞིག་ཡིན་ནའང་རིག་གསར་དང་དུས་འགྱུར་གྱི་རླབས་རྒོད་ཀྱིས་ཐམས་ཅད་འཁྱུར་མིད་བྱས་ཏེ་མི་ནོར་ལྷག་འཕྲོ་ཙམ་ལས་མེད་པར་བཟོས་ཡོད་པ་རེད། དེ་བཞིན་ང་ཚོ་ཆུང་ཆུང་ཡིན་དུས་དབྱར་ལ་གཙོ་བོ་ཞོ་བཏུང་བ་དང་། དགུན་ལ་རྩམ་པ་གཙོ་བོར་བཟས་པ་ལས་ཟས་རིགས་གཞན་མཐོང་རྒྱུའང་ཧ་ཅང་དཀོན་མོ་ཞིག་ཡིན་པས་ང་ཚོའི་ལྟོ་བ་ནི་ནམ་ཡང་གོ་རེ་དང་འབྲས་སོགས་ཀྱི་བྲོ་བ་ལ་རེ་བསྒུག་བྱས་ཡོད་པ་ལྟ་བུ་ཞིག་རེད་ཡོད། འོན་ཏེ་སློབ་སྦྱོང་ཅི་ཡང་བྱས་མེད་ཅིང་དཔལ་འབྱོར་གྱི་ཀླད་པ་ཅུང་ཙམ་ཡང་མེད་ལ། དུས་འགྱུར་སྐབས་ཀྱི་བོར་དོར་དང་གྱོང་གུད་ཀྱིས་མནར་བའི་ཨ་མ་གཅིག་པུའི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་རོལ་བར་ལྟོས་ནས་བཤད་ན་ངེད་ཅག་སྤུན་སྲིང་ལྔ་ཙམ་ཡོད་པའི་ཁྱིམ་དེ་ལ་ཞོ་དང་རྩམ་པ་ཡོད་པ་ནི་རིན་ཐང་གླེང་ཆོག་པའི་གནས་ཚུལ་ཞིག་རེད། དེ་ཡང་ང་རང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ཟིན་པའི་སྐབས་སུ་ད་གཟོད་ཚལ་དཀར་དང་། སྣུམ་ཚལ་སོགས་སྔོ་ཚལ་གྱི་རིགས་འགའ་མཐོང་མྱོང་ལ་དེ་དག་གི་རོ་ལ་ལྕེས་རེག་པ་དང་བྲོ་བ་ཡིད་ལ་མྱང་ཐུབ་པ་རེད། དེ་དང་དེ་ལྟ་བུའི་གནས་ཚུལ་ལ་ལྟོས་ནས་བཤད་ན་ང་དང་ང་འདྲ་བའི་ཆུང་འདྲེས་ཀྱི་གྲོགས་པོ་རྣམས་འཇིག་རྟེན་འདིར་ད་དུང་ལེགས་པར་འཚོ་ཞིང་རང་རང་གི་འདུན་པ་བསྒྲུབ་བཞིན་པ་ནི་བསམ་ཡུལ་དུ་འཆར་ཅུང་དཀའ་བ་ཞིག་རེད། དེ་བས་ཀྱང་ང་ཡི་སྒེར་ལ་མཚོན་ན་ཆུང་དུས་སློབ་གྲྭ་ཅི་ཡང་ཕྱིན་ཐུབ་མེད་པ་དང་། ཕ་མ་དང་གཉེན་བཤེས་ཀུན་གྱིས་འདོད་པ་ཅི་བཞིན་བྱམས་བརྩེས་གཅེས་སྐྱོངས་བྱས་དབང་མ་བྱུང་བ་དང་། འཇིགས་སྐྲག་དང་རྙོག་དྲའི་རླུང་དམར་དྲག་ཏུ་འཚུབ་པའི་ཁོར་ཡུག་དེ་འདྲ་ལས་འཚར་ལོང་བྱས་ཀྱང་རང་སེམས་ཀྱི་ཞི་བ་དང་བརྟན་པ་བརླག་མ་ཤོར་ཞིང་། འཛམ་གླིང་འདིའི་ཐོག་གོམ་སྟབས་འདོར་ལེན་བྱེད་ཅིང་རང་སེམས་ཀྱི་ཞི་བའི་འཕྲིན་པ་བ་གཅིག་ཏུ་གྱུར་ཡོད་པ་ནི་མི་ཚེའི་འདིའི་གཟི་བརྗིད་ཞིག་ཡིན་པར་སྣང་ཡོད། གང་ལྟར་ཡབ་བཀའ་དྲིན་ཅན་གྱི་མཐུ་ལ་བརྟེན་ང་ཡི་མི་ཚེ་འདི་བྱུང་བ་ཡིན་ལ། ཡང་ཁོང་གིས་བཞག་པ་དང་སྐུལ་བར་བརྟེན་ད་ལྟའི་ལས་འགན་འདི་འདྲ་ཞིག་བྱུང་བ་རེད། ལས་འགན་འདི་ནི་རང་ལ་ལྟོས་ན་གཞན་ཕན་བསྒྲུབ་པའི་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་ཡིན། ང་ནི་ཆུང་བའི་དུས་ནས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་ནམ་ཐོས་སུ་སྙིང་གི་ནང་ནས་དེ་ལ་དུངས་བ་ཞིག་སྐྱེས་པ་དང་། རྣམ་ཐར་དེ་ཚོ་ནི་ང་ཡི་སེམས་ལ་བྲོ་བ་མཆོག་ཏུ་སྦྱིན་པའི་ཕུལ་བྱུང་གི་ཟས་བཅུད་ལྟ་བུར་གྱུར་ཡོད་ལ། གལ་ཏེ་ང་ཡི་སེམས་འདི་སྦྲང་མ་ཞིག་ཡིན་ན་བྱང་ཆུབ་སེམས་དཔའི་སྤྱོད་པའི་མེ་ཏོག་གི་སྐྱིད་ཚལ་དུ་ནམ་ཡང་འཁོར་བསྐྱོད་བྱེད་འདོད་པ་ལས་མེ་ཏོག་གི་སྐྱིད་ཚལ་གཞན་དུ་འགྲོ་མི་འདོད་པ་འདྲ་བར་སྣང་། དེ་ཕྱིར་ང་ཡི་མི་ཚེ་ནི་ཆུང་དུས་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་ཐག་བཅད་ཡོད་ལ། བྱང་ཆུབ་ཀྱི་སེམས་དང་། བྱམས་དང་སྙིང་རྗེ་ནི་ང་ཡི་མི་ཚེའི་གཏད་སོ་དང་མི་ཚེའི་བསྒྲོད་རོགས་ངོ་མ་དེ་ཡིན། བྱ་བ་ཅི་ཞིག་ཡིན་ན་དེས་ང་ཡི་བྱང་ཆུབ་ཀྱི་སྤྱོད་པ་ཡར་རྒྱས་སུ་འགྲོ་བར་ཕན་ན་ངས་དེ་དང་དུ་བླང་བར་འདོད་ལ། བྱ་བ་ཅི་ཞིག་གིས་ང་ཡི་བྱང་ཆུབ་ཀྱི་སྤྱོད་པར་གནོད་ན་ངས་དེ་ནམ་ཡང་སྤང་དུ་འདོད། ད་ལྟ་འཛམ་གླིང་གི་མི་གྲངས་དུང་འགྱུར་བདུན་ཅུ་ཙམ་གྱི་ནང་དུ་རང་ཉིད་དཔོན་པོ་ཞིག་མིན་ལ། ཚོང་དཔོན་ཞིག་ཀྱང་མིན། དེ་བཞིན་དུ་འདོད་རྔམ་པ་དང་གདུག་སེམས་པ་ཞིག་མིན་པར་ བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་མོས་པའི་མི་ཞིག་ཡིན་པ་ནི་ལྷ་ཡིས་གནང་བ་མིན་ལ། རྒྱུ་ནོར་གྱིས་ཉོས་པའང་མིན། སྟོབས་ཤུགས་ཀྱིས་བླང་བ་མིན་པར་བསམ་པ་བཟང་པོ་ཉག་མ་གཅིག་གིས་བཟོས་པ་ཡིན། འདི་ནི་རང་ཉིད་ཀྱི་བསོད་ནམས་དང་སྨོན་འབྲས་ཡིན་ཕྱིར་ང་ནི་སྐྱེ་བ་དུ་མར་བསམ་པ་བཟང་པོ་བྱས་པའི་གང་ཟག་ཞིག་ཡིན་པར་མཚོན་ཐུབ་ལ། སྐྱེ་བ་དུ་མར་བསམ་པ་བཟང་པོ་བྱས་ཐུབ་པ་དེ་ནི་ང་ཡིས་རང་ཉིད་ལ་བསྐྱང་བའི་བཀའ་དྲིན་དང་། རང་ཉིད་ལ་བཞག་པའི་བྱས་རྗེས་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན། འདི་ནི་ངས་རང་ཉིད་སྐྱོང་བའི་རྒྱུ་རྐྱེན་ཙམ་མིན་པར་རང་གཞན་ཐམས་ཅད་མཉད་ཉིད་དུ་སྐྱོང་བའི་མན་ངག་ཡིན་པས་ཕྱིར་ད་དུང་མུ་མཐུད་དུ་བསམ་པ་བཟང་པོའི་ནུས་པ་འདི་ཀུན་ལ་བརྡ་སྦྱོར་བྱེད་རྒྱུ་ཡིན། བྱང་ཆུབ་ཀྱི་སེམས་དང་། བྱམས་སྙིང་རྗེ་སོགས་ནི་བསམ་པ་བཟང་པོ་ཡིན་ལ། འདི་དག་ཡར་རྒྱས་གཏོང་བ་ལ་འབད་བརྩོན་དང་དཀའ་ལས་མང་པོ་མ་བརྒྱབ་པར་རང་རང་སོ་སོའི་སར་སྐྱིད་པོ་བྱས་ནས་གནས་པ་ཙམ་གྱིས་མི་འགྲུབ་པ་རེད། དེ་ལྟ་ན་ངས་རང་གི་བྱང་ཆུབ་ཀྱི་སྤྱོད་པ་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཕྱིར་བསམ་པ་བཟང་པོ་དང་། བསམ་པ་བཟང་པོ་དེའི་སྤྱོད་པ་སྤེལ་བ་ལ་དཀའ་ངལ་ཅི་ཞིག་བགྱིད་པ་རྣམས་འོས་ཤིང་འཚམས་པ་དང་བྱེད་འོས་ཁོ་ན་རུ་མཐོང་ཐུབ་པར་བྱེད། འོན་ཏེ་འུ་ཚོའི་དཀའ་ངལ་ཆེ་ཤོས་དང་། ཡང་ན་འུ་ཚོས་ནམ་རྒྱུན་ནོར་འཁྲུལ་བཟོ་བ་ནི་ཆོས་བསྒྲུབ་པའི་ཞར་ལ་འཇིག་རྟེན་ཆོས་བརྒྱད་བསྒྲུབ་ཤོར་བ་དེ་རེད། དེ་ནི་ཆོས་པ་དཀྱུས་མའི་འཇིག་རྟེན་ཙམ་ལ་བྱུང་བའི་སྐྱོན་ཆ་མིན་པར་དགོན་པའི་བདག་པོར་གྱུར་བ་དང་། སློབ་མ་མང་པོ་ཡོད་ཅིང་སྙན་གྲགས་དང་གོ་ས་ཡོད་པའི་སློབ་དཔོན་དེ་དག་གི་ཁྱུ་ནང་དུ་ཆེས་མང་བ་ཞིག་རེད། འདི་ནི་ངའི་གྲུབ་མཐའ་ཡིན། ངའི་དགོན་པ་ཡིན། ངའི་སློབ་མ་ཡིན་ནོ་ཞེས་སེམས་གཏིང་ནས་ཨ་འཐས་ཤིང་། ཁྱད་པར་དུ་རང་གི་སློབ་མ་ཡིན་ཟེར་ནས་ཐབས་ཅི་དྲག་དང་བཀའ་བཀྱོན་འཇིགས་སྐུལ་གྱི་སྒོ་ནས་བདག་འཛིན་བྱེད། རང་གི་རྙེད་བཀུར་གྱི་ཆེད་བདག་བསྟོད་གཞན་སྨོད་བྱེད་པ་སོགས་འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་ཞིག་སུ་རེད། གང་ན་ཡོད། ང་ཡང་འདི་འདྲ་འགྱུར་བར་ཤིན་ཏུ་སྐྲག་ནས་བག་ཡོད་ལེགས་པར་བྱེད་པ་ཁོ་ནའོ།། བླ་མ་སང་མ་བཞུགས་པ་ནས་བཟུང་ངེད་ཅག་ཁོང་གི་སློབ་མ་གཙོ་བོ་རྣམས་ཕྱོགས་གཅིག་ལ་འཁོད་ནས་དགོན་པ་འདི་མུ་མཐུད་གནས་པ་ལ་ཕན་ཡོན་ཅི་ཡོད་དང་མ་གནས་པ་ལ་ཉེས་པ་ཅི་ཞིག་མཆིས་སོགས་གྲོས་བསྡུར་དཔྱད་པ་མང་དུ་བྱས། གལ་ཏེ་འདི་ཉིད་མུ་མཐུད་གནས་པར་བྱེད་ན་བླ་མའི་བཀའ་དྲིན་གསོ་བ་དང་། དགེ་འདུན་པའི་སྡེ་ཆེན་པོ་འདིས་མུ་མཐུད་དུ་ཐོས་བསམ་བསྒོམ་གསུམ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་འགྲོ་བ། འདི་ལ་འབྲེལ་བ་ཡོད་པའི་དད་ལྡན་ཆོས་པ་རྣམས་ཀྱིས་ཀྱང་ཆོས་ཐོས་པ། ཉམས་ལེན་བྱེད་པ་སོགས་ལ་ཕན་ཐོག་མི་བཟད་པ་ཞིག་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས་ངེད་ཅག་གིས་དགོན་སྡེ་འདི་མུ་མཐུད་རྒྱུན་འཁྱོང་བྱེད་པར་གྲོས་མཐུན་བྱུང་བ་ཡིན། དེ་ལྟར་མི་ལོ་གསུམ་གྱི་ཡུན་འདི་དག་ལ་གྲྭ་ཚང་གི་འདུ་བ་མང་དུ་ཕྱིན་པ་དང་། སྔར་གྱི་གྲྭ་ཤགས་རྣམས་ཀྱང་རྙིང་འཐོར་དུ་འགྲོ་བཞིན་པ་དང་། མཐོ་སྒང་གི་ཙག་རླུང་གིས་ས་རྡོ་རྣམས་ཀྱང་གཏོར་བཤིག་བྱེད་འགྲོ་བ་དེ་ལྟ་ན་ཤ་ཁྲག་གི་ལུས་འདི་འཇིགས་པར་བྱེད་པ་སྨྲོ་ཅི་དགོས། དེ་མིན་དགེ་འདུན་པའི་སྡེས་ཆོས་བྱེད་མཐོར་འདེགས་ཡོང་ཆེད་སོགས་རྒྱུ་མཚན་དེ་དག་གི་ཕྱིར་གྲྭ་ཁང་གསར་བ་མི་རྒྱག་ག་མེད་དུ་ཆགས་ཡོད། དངོས་པོའི་རིན་གོང་ནི་གང་དུའང་མཐོ་རུ་འགྲོ་བཞིན་པ་དང་ཁྱད་པར་དུ་རྒྱ་ནག་གི་ཁྲོམ་རའི་རིན་ཚད་ནི་སྔོན་མ་ལ་ལྟོས་ན་ལྡབ་མང་པོའི་ཆེ་རུ་ཕྱིན་པས་འཛུགས་བསྐྲུན་གྱི་རིགས་ལ་སྔོན་ལས་ཆེས་མང་བའི་མ་དངུལ་གཏོང་དགོས་པ་འདི་འང་དུས་ཀྱིས་བཞག་པའི་ཁྲིམས་ཤིག་རེད། ནང་པའི་དགོན་པ་ཞིག་ལ་ལྟོས་ནས་བཤད་ན་ལུང་དང་རྟོགས་པའམ་བཤད་པ་དང་བསྒྲུབ་པའི་བསྟན་པ་ངེས་པར་དུ་ཡོད་དགོས་ཤིང་། དེ་དག་གི་སྡེ་ནི་དེའི་དཀྱིལ་སྙིང་ཡིན་ལ། གལ་ཏེ་དགོན་པ་དེར་བཤད་བསྒྲུབ་ཀྱི་ལས་མེད་པ་ཡིན་ན་གསེར་གྱི་མཆོད་རྟེན་འདོམ་བརྒྱ་བ་ཞིག་བཞེངས་ནའང་དེ་ནི་གཟུགས་བརྙན་ཙམ་རེད། དགོན་པ་འདིའི་ཆོས་རིག་སློབ་གླིང་གི་སློབ་མ་རྣམས་ནི་གཅིག་ནས་བཙུན་པ་གསེར་ལྟ་བུ་རྐྱང་བ་ཡིན། གཉིས་ནས་ཐོས་བསམ་གྱི་ཆེད་དུ་བརྩོན་པ་སློད་མེད་གནང་བའི་མཁས་པ་རྐྱང་བ་ཡིན། གསུམ་ནས་མི་ཚེ་དེ་རབ་དུ་བྱུང་བའི་ཁྱད་ཆོས་སམ་འདོད་ཆུང་ཆོག་ཤེས་ཀྱི་སྤྱོད་པར་གནས་པ་རྐྱང་བ་ཡིན། སློབ་གླིང་འདི་ནི་སློབ་གཉེར་གྱི་སྤུས་ཚད་མཐོ་བས་ཕྱིར་ན་མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་བ་རྣམས་འདིར་ཕེབས་པ་ལོ་རེ་ལས་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཏེ་སློབ་གླིང་འདིའི་འཛུགས་བསྐྲུན་ནི་ཧ་ཅང་ཕལ་བ་ལས་མེད་ལ་སློབ་གཉེར་བའི་འཚོ་བའང་ཧ་ཅང་དཀྱུས་མ་ཤིག་ལས་ད་དུང་ཆ་རྐྱེན་དང་ལྡན་པ་ཞིག་མིན། དགོན་པ་འདིའི་བསྒྲུབ་གྲྭ་ནི་རྡོ་རྗེ་ཕུར་བའི་ཉམས་ལེན་གྱི་བསྒྲུབ་སྡེ་ཞིག་ཡིན། འདིའི་ནང་དུ་རྡོ་རྗེ་སེམས་དཔའ་འང་ཉམས་བཞེས་ཀྱིས་ལོ་རེར་ཡིག་བརྒྱ་ས་ཡ་གཅིག་དང་རྡོ་རྗེ་གཞོན་ནུའི་བསྙེན་པ་ས་ཡ་སོགས་གསོག་པའི་བསྒྲུབ་སྡེ་ཞིག་ཡིན། ང་ཚོ་ནི་འོད་གསལ་རྫོགས་ཆེན་གྱི་ཆོས་བརྒྱུད་འཛིན་པ་གལ་ཆེན་ཞིག་ཡིན་པས་ང་ཡིས་མ་འོངས་པའི་འཆར་གཞི་གལ་ཆེན་ཞིག་ནི་དགོན་པ་འདིར་རྫོགས་ཆེན་གྱི་རིམ་པ་བསྒོམ་པའི་བསྒོམ་གྲྭ་སྤུས་དག་ཞིག་རྒྱག་ཨེ་ཐུབ་ལྟ་བ་དེ་ཡིན། སྤྱི་ཚོགས་རྙིང་བའི་མགོ་ལོག་ནི་བཙུན་མའི་སྡེ་ལ་གཙིགས་འཛིན་མི་བྱེད་ཅིང་། བུད་མེད་ཞིག་ཡིན་ཕྱིན་ཚངས་སྤྱོད་རྣམ་དག་འཆང་བ་ཡིན་ནའང་ད་དུང་དམན་པའི་འདུ་ཤེས་སྐྱེས་པ་རེད། ངའི་ལྟ་བ་ནི་བུད་མེད་སྤྱི་དང་ཁྱད་པར་རབ་དུ་བྱུང་བའི་བཙུན་མའི་སྡེ་ལ་གུས་པར་ཅིས་ཕྱིར་ན་མི་བྱེད་དམ། དེ་ལྟར་མགོ་ལོག་གི་ཡུལ་དུ་ཆེས་སྔ་ཞིང་ཆེས་སྒྲིག་འཛུགས་ཡོད་པའི་བཙུན་མ་གྲྭ་ཚང་ཞིག་བཙུག་པར་བྱས་པ་ཡིན། བཙུན་མ་རྣམ་པ་འདི་དག་ཀྱང་གཉོམ་ཆུང་ཚུལ་མཐུན་དང་། སྡོམ་པ་མིག་ལྟར་བསྲུང་བ་རྨང་གཞིའི་ཐོག་ཤེས་བྱ་རིག་གནས་དང་གཞུང་ལུགས་སྦྱང་བའི་གོ་སྐབས་ཇེ་མང་དུ་འགྲོ་བཞིན་ཡོད། བླ་མ་རིན་པོ་ཆེའི་སྒེར་གྱི་གྲྭ་ཚང་སྟེ་སྔགས་པའི་གྲྭ་ཚང་ཡང་རྒྱུན་འཁྱོང་གང་ལེགས་དགོས་པའི་འཆར་གཞི་ལེགས་པར་འདིང་། གྲྭ་ཚང་འདིས་ནི་ཨོ་རྒྱན་སྐུ་གསུམ་གླིང་བའི་(བླ་མ་སང་)གཏེར་ཆོས་ཀྱི་ཆོ་གའི་སྐོར་ལོ་བཞིན་བསྒྲུབ་ཆེན་དང་ཡང་ན་བསྒྲུབ་འཕྲན་གྱི་ཚུལ་དུ་གསུངས་བ་རེད། དེ་མིན་ཁོང་རྣམ་པར་དམིགས་བསལ་གྱི་དགེ་རྒན་བཀོད་བསྒྲིག་བྱས་ནས་གཞུང་ལུགས་དང་རིག་གནས་ལ་སྦྱང་བའང་གང་ལེགས་བྱེད་པའི་ཆ་རྐྱེན་འཛོམས། ང་རང་ལོ་ན་གཞོན་དུས་སློབ་གྲྭར་འགྲིམ་མ་ཐུབ་པས་ང་ཡི་སེམས་ནང་དུ་ད་དུང་ཡང་སྟོང་ཆ་ཆེ་ཞིག་ཡོད་ལ། དེ་ལྟར་ང་རང་ལོ་ཆུང་བའི་སྐབས་དང་འདྲ་བའི་གཞོན་ནུ་ཚོར་སློབ་གསོའི་གོ་སྐབས་ལེགས་པོ་ཞིག་ཐོབ་ན་ངའི་སེམས་ཀྱི་སྟོང་ཆ་སྐོང་ཐུབ་པ་དང་། དེ་དག་གི་མདུན་ལམ་ལ་གཟི་འོད་ཞིག་སྟེར་ཐུབ་པའི་དམིགས་ཡུལ་གྱིས་སྐད་དང་ཡི་གེ ལས་རིགས་དང་ལག་རྩལ་སྦྱོང་བའི་སློབ་གྲྭ་ཞིག་ངས་མི་ལོ་དུ་མར་འབད་བརྩོན་བྱས་ནས་བསྒྲུབས་པ་ཡིན། དགེ་རྒན་རྣམས་ཀྱིས་བསམ་པ་རྣམ་དག་གིས་སློབ་མ་རྣམས་གཅེས་པས་བསྐྱང་བ་དང་། སློབ་གསོའི་སྤུས་ཚད་ལ་གཅིག་ཏུ་འབད་པ་བྱེད་པའི་གྲུབ་འབྲས་ཀྱང་ཧ་ཅང་ལེགས་པོ་མིན་རྒྱུ་མེད། རྒྱུ་མཚན་དེ་དག་གི་ཕྱིར་ན་གསར་བསྐྲུན་གྱི་སློབ་གྲྭ་ཞིག་ལ་ལྟོས་ནས་བཤད་ན་འདི་ནི་བོད་ཁམས་ཡོངས་ཀྱིས་རིམ་བཞིན་བསྔགས་པ་བྱེད་ཡུལ་ཞིག་ཏུ་གྱུར་བཞིན་ཡོད། <<ཁ་སྐོང>> ཁ་བ་དང་གྲང་རླུང་གི་ཕ་ཡུལ་མཐོ་སྒང་ལ་འཛུགས་བསྐྲུན་བྱེད་རྒྱུ་ནི་སླ་བོ་ཞིག་མིན་ལ། འཛུགས་བསྐྲུན་དེ་དག་གནས་པར་བྱེད་པའང་དཀའ་མོ་ངོ་མ་ཞིག་ཡིན། མཐོ་སྒང་གི་གནམ་གཤིས་ཤིན་ཏུ་གྲང་མོའི་ངར་ཤུགས་ནི་ལྕགས་ཀྱི་རལ་གྲི་ལས་རྣོ་བ་ཞིག་ཡིན་ཏེ་དགུན་གྱི་རང་བཞིན་ཆ་ཚང་རྫོགས་པའི་དུས་སུ་ས་གཞི་ཡང་གས་པར་འགྱུར་བ་དང་། རྡོ་དག་ཆག་འཐོར་དུ་འགྲོ་བ་མིག་གིས་དངོས་སུ་མཐོང་ཐུབ་པ་རེད། གནས་འདི་ན་ལམ་མེར་འཚེར་ཞིང་ཡ་གླིང་གི་མཆོད་རྟེན་ཆེ་ཤོས་ཀྱི་གྲས་སུ་འགྲོ་བའི་གངས་ལྗོངས་བྱ་རུང་ཁ་ཤོར་སོགས་འཛུགས་བསྐྲུན་འདི་དག་རྒྱུན་རིང་གནས་པར་བྱེད་པ་ལ་རྒྱུ་རྐྱེན་མང་པོ་རེ་དགོས་པ་རྒྱུན་ལྡན་ཞིག་ཡིན། གྲང་ངད་དང་ཁ་རླུང་དག་གིས་ཐམས་ཅད་ལ་སྐྲག་སྣང་སྦྱིན་པར་བྱེད་ཅིང་ཐམས་ཅད་ཀྱི་ནུས་པ་འཕྲོག་པར་བྱེད་པ་དེ་ལྟ་ནའང་། ཆོས་དད་མི་མང་གི་སེམས་ཤུགས་ནི་རྡོ་རྗེ་ལྟར་མི་འགྱུར་བ་དང་མི་སྐྲག་པ་ཞིག་ཡིན་པ་དང་། དེ་དག་གིས་ཆོས་ལ་དོན་གཉེར་ནི་སུས་ཀྱང་དཔག་དཀའ་བ་ཞིག་ངོ་མ་རེད། འཁྱག་པ་དང་ཁ་བ་གཉིས་མེད་དུ་འདྲེས་པའི་ས་གཞི་དང་། གྲང་རླུང་བཙན་པོས་བདའ་འདེད་བྱེད་པའི་ཁ་བའི་བུ་ཡུག་གི་ཁྲོད་དུ་ཁུ་སུམ་མེར་སྡོད་ཅིང་། གྲང་ངད་ཀྱི་རྣོ་ཁབ་རིམ་གྱིས་ཟུག་པའི་ལུས་པོ་འགུལ་བསྐྱོད་བྱེད་རྒྱུའང་དཀའ་བ་དང་། རིམ་པས་རིམ་པས་ལུས་ཀྱི་ཚིགས་རྣམས་ལ་གྲང་ནད་ཀྱིས་ཐེབས་ནས་སྐེད་པ་རྒུར་བར་འགྱུར་བ། རྐང་ལག་གི་ཚིགས་རྣམས་འཁྱོག་པར་འགྱུར་བ་དང་། མཐར་འགུལ་བསྐྱོད་བྱེད་མི་ནུས་པའི་བར་དུ་འགྱུར་བ་སོགས་ཀྱི་དཀའ་ཁག་ལ་མགོ་མི་སྒུར་བར་ཆོས་ཀྱི་ལེགས་བཤད་རྣམས་ལེགས་པར་མཉན་པ་ནི་གངས་ཅན་པ་དང་ཁྱད་པར་དུ་མགོ་ལོག་གི་སྐྱེ་བོ་རྣམས་ཀྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད་པ་རེད། དེ་ཡང་ཆོས་འཆད་པ་པོ་ནི་ཁང་བཟང་གིས་མཛེས་པའི་སྐྱིབས་ན་ཁྲི་དང་མེ་ཏོག་གི་བཀོད་པ་རྫོགས་པར་རྫིག་མདོག་གི་ཉམས་ཀྱིས་ཕྱུག་པ་ཞིག་ཡིན་པ་ནི་སྤྱིའི་གནས་ཚུལ་ཞིག་ཡིན། དེ་བཞིན་ང་ཡང་ཆོས་འཆད་པོ་ཞིག་ཡིན་པའི་ཆ་ནས་ཆ་རྐྱེན་དེ་ཡོད་པ་རེད། བདག་གིས་རྒྱ་ཆེའི་ཆོས་ཞུ་བ་རྣམས་གྲང་ངད་ཀྱིས་མནར་བ་དང་ནད་པར་འགྱུར་བའི་གནད་དོན་ལ་ཅི་མི་སྙམ་པ་ག་ལ་ཡིན་ཏེ། ངེད་ཀྱིས་ཐབས་ཤེས་བརྒྱ་སྟོང་གིས་དཀའ་ངལ་འདི་སེལ་ཆེད་དགུན་ཆོས་ཆེན་མོའི་ཆོས་ཞུ་བ་སྟོང་འཕྲག་འགའ་ཤོང་བའི་ཆོས་ཁང་ཀུན་དགའ་ར་བ་ཞིག་བསྐྲུན་བཞིན་ཡོད། བོད་ཁམས་ཀྱི་དཔལ་འབྱོར་ནི་རྗེས་ལུས་ཤིག་ཡིན་པ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་པ་ཞིག་རེད། དེ་བཞིན་ང་ཡི་ཕ་ཡུལ་ཡང་དཔལ་འབྱོར་མེད་ཅིང་འཚོ་བའི་ཆུ་ཚད་ཧ་ཅང་དཀྱུས་མ་ལས་མེད་པ་རེད། ཁྱད་པར་དུ་ལོ་ན་སོན་པའི་རྒན་པ་ཕོ་མོ་རྣམས་ནི་ཆོས་ལ་དགའ་བའི་བག་ཆགས་ཀྱིས་དགོན་པ་དག་གི་ཉེ་འདབས་སུ་གཏན་སྡོད་བྱེད་ཅིང་ཆོས་ཁྲིད་ཞུ་བ་དང་། བསྐོར་བ་བྱེད་རྒྱུ་སོགས་གཙོ་བོ་བྱེད་པ་ལས་འཚོ་བའི་ཆེད་དུ་བསམ་བློ་མང་པོ་མི་གཏོང་བ་རེད་ཡོད། དགོན་པ་འདིའི་འདབས་སུ་རྒས་པ་བརྒྱ་འཕྲག་མང་པོར་ཟས་གོས་ཀྱི་དཀའ་ཁག་ཡོད་བཞིན་ཆོས་བསྒྲུབ་པར་གཞོལ་བ་མང་པོ་ཡོད། དགོན་པ་འདི་ནི་ས་གནས་དེ་གཅིག་པུ་མིན་པར་བོད་ཁམས་ཀྱི་ས་ཆ་འདྲ་མིན་སྣ་ཚོགས་ནས་སློབ་གཉེར་དང་ཉམས་ལེན་བྱེད་དུ་ཕེབས་པའི་སྣ་མང་འདུས་པའི་ཆོས་སྡེ་ཞིག་ཡིན། དེ་ལྟར་གྲྭ་བ་དང་བཙུན་མ། རྒས་པ། མི་སེར་ཕལ་བ་སུ་ཞིག་ལ་འཚོ་བའི་དཀའ་ཁག་ཡོད་པ་མཐོང་བཞིན་དུ་དེ་ལྟར་འཁྱག་ལྟོག་གིས་མནར་བའི་ངང་ལ་བསྐྱུར་ནས་སུ་ཞིག་གིས་འཇོག་ཕོད་དམ། ངས་ཀྱང་དེ་དག་ལ་བྱམས་པའི་མིག་ཟུར་གྱིས་མི་ལྟ་བ་ཅི་ལ་རུང་སྟེ་ལོ་རེ་རེ་བཞིན་ཟས་གོས་ཀྱི་གནང་སྦྱིན་གང་མང་བྱེད་ཀྱི་ཡོད། བླ་མ་སང་སྐུ་གཞོན་པའི་དུས་རབས་དེ་ནི་ས་གནས་དེ་ལ་མཚོན་ན་སྟབས་མི་བདེ་བའི་ཕྱོགས་གང་མང་མཆིས་སྟབས་ཁོང་གི་མ་ཡུམ་ནད་ཀྱིས་བཟུང་ཚེ་སྨན་གྱི་ཆ་རྐྱེན་གྱིས་མ་འདང་བས་གྲོང་ཤོར་བ་ལྟ་བུར་གྱུར། རྒྱུ་མཚན་དེས་བླ་མ་སང་གི་དགོངས་པར་སྨན་གྱི་སྦྱིན་པས་ནི་འགྲོ་བ་ལ་དངོས་སུ་ཕན་པ་སྟེར་ཐུབ་པ་དང་། རང་ཉིད་ལ་གོ་སྐབས་ནམ་ཡོད་དུ་སྨན་སྦྱིན་རྣམ་དག་ཞིག་བྱེད་པར་ཐུགས་དམ་བཅས་པ་ལྟར་ཁོང་གིས་ལོ་རེ་བཞིན་སྨན་ཉེ་བར་མཁོ་བའི་སྐྱེས་བུ་སྟོང་འཕྲག་མང་པོར་སྲོལ་རྒྱུན་བོད་སྨན་སྣ་མང་གི་སྦྱིན་པ་བྱས། ཁོང་གི་ཐུགས་བསྐྱེད་དང་མཛད་པ་འདི་ང་ལ་མཚོན་ནའང་རྒྱུན་འཁྱོང་བྱེད་རྒྱུ་ནི་ཆེས་གཟི་བརྗིད་ཞིག་དང་བསོད་ནམས་ཤིག་ཡིན་པ་ལྟར་ལོ་རེ་རེ་བཞིན་མི་མང་ལ་སྨན་སྦྱིན་བྱེད་ཀྱི་ཡོད། <<ལོ་རྒྱུས་སྟེང་བཤད་ན་དགོན་སྡེ་འདི་ནི་མི་མང་དཀྱུས་མ་ལ་ཆོས་ཁྲིད་སྣ་ཚོགས་གསུང་བ་གཅིག་པུ་ལྟ་བུར་ཆགས་ཡོད། བླ་མ་སང་གིས་ལོ་མང་པོའི་བར་ཆོས་དད་མང་ཚོགས་ལ་དགུན་ཆོས་ཀྱི་སྐབས་ཆོས་ཁྲིད་སྣ་མང་གསུངས་མྱོང་བ་དང་། ཁོང་གིས་ང་ལ་ཆོས་ཁྲིད་དེ་དག་མང་ཚོགས་དང་བཅས་པ་ལ་ཁྲིད་རྒྱུའི་བཀའ་བརྩལ་བ་ལྟར་འདས་པའི་ལོ་གསུམ་གྱི་ནང་དུ་ངས་དགུན་གྱི་གྲང་བ་བཙན་པོ་དང་དུ་བླང་ཞིང་། ལོ་རེ་བཞིན་ཟླ་གསུམ་ནས་ཉིན་བརྒྱའི་བར་ཀུན་བཟང་བླ་མའི་ཞལ་ལུང་དང་། བར་དོའི་དྲུག་ཁྲིད་ཆེན་མོ། བྱང་ཆུབ་སྤྱོད་འཇུག་ཆེན་མོ་བཅས་རྒྱས་བཤད་བྱས། འདི་ནི་མི་མང་ཁྲི་སྟོང་མང་པོའི་སྙིང་ཁུང་ནས་འཆང་བའི་རེ་བ་སྐོང་བ་དང་། འདི་ནི་རང་ཉིད་ཀྱིས་གཞན་ཕན་བགྱིད་པའི་སྤྱོད་པ་རྣམ་དག་ཞིག་ཡིན་ལ་དེ་བཞིན་ངས་ས་ཆ་མང་པོར་འགྲོ་ཞིང་ཆོས་བཤད་པ་ནི་བསམ་པ་རྣམ་དག་ཡིན། >> གངས་ལྗོངས་ནི་ལོ་རྒྱུས་དང་རིག་གནས་ཀྱིས་ཕྱུག་པ་ཞིག་ཡིན་ལ་གངས་ལྗོངས་ཀྱི་རིག་གཞུང་གཙོ་བོ་འདི་དག་ནི་འཛམ་གླིང་སྤྱི་ལ་ཕན་པའི་ཤེས་བྱ་རེ་ཡིན་སྲིད་པ་རེད། དེ་ལྟར་གནའ་སྲོལ་གྱི་མིའི་རིག་གནས་འདི་དག་སྲུང་སྐྱོབ་བྱེད་རྒྱུ་ནི་མི་རབས་རེ་རེ་ནས་ལས་འགན་ཡོད་པ་ཞིག་ཡིན་པ་ལྟར། ངེད་ཅག་གིས་ཀྱང་བསམ་སྤྱོད་གཅིག་སྒྲིལ་གྱི་སྟེང་ནས་རིག་གཞུང་སྲུང་སྐྱོབས་དང་དར་སྤེལ་བྱེད་པར་སྤྲོ་སྣང་ལྷག་པར་ཆེ། དེ་ལྟར་ངེད་ཀྱིས་གེ་སར་གཞན་ཕན་ཐེབས་ཚོགས་དང་། རྨ་ཡུལ་གེ་སར་རིག་གནས་ལྟེ་བ། གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སོགས་བསྒྲུབ་པ་རེད། ཁ་ནས་བཤད་པ་གཅིག་པའི་ལམ་དུ་སོང་ན་ཐམས་ཅད་མཛེས་སྡུག་དང་ལྡན་པ་རེ་ཡིན་ཀྱང་ལག་པས་དངོས་སུ་བསྒྲུབ་པར་བྱེད་པའི་སྐབས་སུ་ཐམས་ཅད་རྒྱུ་རྐྱེན་དང་མ་དངུལ་ལ་ཐུག་ཡོང་ཕྱིར་འདི་དག་ཚང་མའི་རྨང་གཞི་ནི་ཤོག་བུ་ཡིན་པ་རེད། ང་རང་ལ་མཚོན་ན་མི་རབས་བརྒྱུད་ནས་བཞག་པ་ཡོད་པའི་མ་རྩ་རང་ལུགས་པ་ཞིག་མིན། བཅུ་ནས་བརྒྱ་སྟོང་གི་བར་གོང་འཕེལ་དུ་གཏོང་བའི་ཚོང་པའང་མིན། ཆོས་དང་འཇིག་རྟེན་གྱི་དབྱེ་བ་མི་འབྱེད་ཅིང་གཡོ་སྒྱུས་བསླད་བརྒྱབ་པའི་ཆབ་སྲིད་པ་ཞིག་མིན། གོ་ས་དང་དབང་ཆ་ལ་བརྒྱུད་ནས་དངུལ་ནོར་ཁ་ལོ་བསྒྱུར་བའི་དཔོན་པོ་ཞིག་དེ་བས་ཀྱང་མིན། ང་ནི་དུས་འགྱུར་གྱི་རྦ་རླབས་རྒོད་པོའི་ཁུག་ནས་རྒྱང་དུ་འཕང་བའི་གཅེར་བུ་ལྟ་བུ་ཞིག་དང་། ང་ནི་ཚོང་ལས་ལ་སྤྲོ་བ་མེད་པའི་སྤྲང་པོ་ལྟ་བུ་ཞིག ང་ནི་ལས་དབང་གིས་རྡོག་རྫིས་བཏང་བའི་ཁྱིམ་ཚང་ཆུང་ཆུང་ཞིག་ནས་ཐོན་པའི་བསོད་སྙོམས་པ་ཞིག་ཡིན། ང་ལ་ཡོད་པའི་དངུལ་སྒོར་ནི་ཕ་མས་གནང་བ་མིན་ལ་རང་གིས་གཡོ་སྒྱུས་བསྒྲུབ་པའང་མིན། ང་ཡི་ལོངས་སྤྱོད་ནི་སེམས་དཀར་བའི་གྲོགས་པོ་དེ་དག་གིས་ང་ལ་གནང་བ་རྐྱང་བ་ཡིན། སེམས་ཁྲལ་གྱི་སྨུག་པའི་ཁྲོད་དུ་དཀའ་ལས་ཀྱི་རྔུལ་ཆུའི་ཐིགས་པ་དང་ལྷན་ཅིག་བསྒྲུབ་པའི་དངུལ་ནོར་ལ་ཆགས་ཞེན་མེད་པ་སུ་ཡོད། སྡུག་རུས་ཀྱི་གོམ་པ་རེ་རེ་ནས་འདོར། གནོན་ཤུགས་ཀྱི་ལྕིད་ཚད་རེ་རེ་ནས་བཏེགས། ལུས་སེམས་ཀྱི་ངལ་བ་རེ་རེ་ནས་ཁྱད་དུ་བསད་དེ་བསགས་པའི་དངུལ་ནོར་འདི་དག་ལ་མཚོན་ན་ལས་སླ་བོ་ཞིག་ག་ནས་ཀྱང་ཡིན། ངས་གནད་དོན་འདི་དག་ལ་བསམ་བློ་རེ་གཏོང་དུས་སྙིང་ལ་འགུལ་ཤུགས་ཐེབས་པའི་ངོས་འཛིན་ཐོབ་རྒྱུ་འདུག ང་ནི་རྒྱུ་ནོར་དང་ལོངས་སྤྱོད་ལ་མི་དགའ་བའི་ཆགས་བྲལ་བ་ཞིག་མིན། ཅི་ཞིག་སྙེད་ན་དེ་ཉིད་དགའ་བས་དང་དུ་ལེན་པའི་བསོད་སྙོམས་པ་ཞིག་ཡིན། ཡོད་ཚད་བསག་ནས་བེད་སྤྱོད་མི་བྲ་བའི་ཆགས་པ་བ་ཞིག་མིན། སྙེད་ཚད་རང་གི་དོན་དུ་བཀོལ་བའི་རང་འདོད་པ་ཞིག་མིན། ང་ལ་འདི་དང་དེ་དག་ཡོད་ཚད་ཨེ་ཐོབ་སྙམ་པའི་སྣབ་སེམས་པ་ཞིག་མིན། གང་ཞིག་སྙེད་པ་དེ་དག་མཆོད་སྦྱིན་གང་རུང་གི་མ་རྩ་རུ་འགྲོ་བར་འཇུག་པའི་འགན་ལེན་པ་ཞིག་ཀྱང་ཡིན། འདི་ངས་འུར་ཤོབ་བཤད་པ་མིན་ལ་རང་བསྟོད་བྱས་པ་དེ་བས་ཀྱང་མིན། འདི་དྲང་པོ་དང་བདེན་དོན་གྱི་ངའི་ཆ་ཤས་ཤིག་གླེང་བ་ཡིན། དགོན་པ་འདི་ལ་མཚོན་ན་ད་ལྟ་གྲྭ་བཙུན་སྔགས་གསུམ་བརྒྱ་འཕྲག་བདུན་ལྷག་ཡོད་ཅིང་། སློབ་གྲྭའི་ནང་དུ་དགེ་སློབ་སུམ་བརྒྱ་ལྷག བདག་མེད་ཀྱི་རྒས་པ་ཕོ་མོ་ཡང་སུམ་བརྒྱ་ལྷག་ཙམ་ཡོད། འདི་ནི་ད་ལྟ་ང་ཡིས་ཆོས་ཙམ་མིན་པར་འཇིག་རྟེན་ཕྱོགས་ནས་ཀྱང་སྐྱོང་དགོས་པ་དེ་རེད། ལོ་རེ་བཞིན་དགོན་པ་འདིར་སློབ་གཉེར་བྱེད་མཁན་གྱི་གྲྭ་བ་དང་བཙུན་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁྱད་པར་དུ་སློབ་གྲྭའི་སློབ་མའི་གྲངས་ཚད་དེ་བས་ཀྱང་ཇེ་མང་ཡིན་པ་རེད། དགོན་པ་འདི་ལ་མཚོན་ན་དད་པ་བྱེད་ཅིང་འབྲེལ་བ་གནང་མཁན་ཅུང་མང་པོ་ཡོད་འདུག ང་ལ་མཚོན་ན་དགོན་པའམ་ཚོགས་པ་འདིའི་བསྒྲིག་འཛུགས་དང་། སློབ་གསོ། དཔལ་འབྱོར་སོགས་ཐམས་ཅད་ཀྱི་སྣེ་ཁྲིད་པ་ཡིན། <<དད་རྫས་ཁྲོག་བརླག་དང་ཁུང་དུ་འགྲོ་བ་ནི་ལས་ངན་ཚབ་པོ་ཆེའི་རྒྱུར་འགྱུར་བ་མདོ་སྡེ་ལས་བརྒྱ་བ་སོགས་ཀྱི་ནང་དུ་གསུང་བ་ཅི་བཞིན་རེད། དེ་ཕྱིར་>>སྦྱིན་བདག་གི་རྒྱུ་ནོར་རྣམས་བོར་སྟོར་དང་ཆུད་ཟོས་སུ་མི་འགྲོ་བར་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ང་ཚོས་ལས་རིམ་ཨང་དང་པོ་དེ་ཡིན། སུ་ཞིག་གིས་དགེ་འདུན་པ་འདིའི་སྡེ་དང་བཅས་པ་ལ་ཞབས་ཏོག་དང་རོགས་སྐྱོར་ཐེབས་འཇོག་གང་ཞིག་བགྱིད་པར་འདོད་པ་རྣམས་ཀྱིས་འབྲེལ་ལམ་དག་བརྒྱུད་ནས་ཐོག་མར་ང་ལ་ཤེས་སུ་འཇུག་རྒྱུ་ནི་གལ་ཆེ་ལ་ངས་དེ་དག་ལ་སྙིང་ཁུང་ནས་གུས་པ་ཞུ། ང་ལ་དད་པ་དང་བརྩེ་བར་བྱེད་ཅིང་དངོས་པོ་དག་ང་ལ་གནང་བར་བྱེད་པ་དང་། ང་ལ་མཆོད་པར་བགྱིད་པ་ཁྱེད་ཅག་གི་ཁོག་པའི་སྙིང་གི་དམར་མདངས་དང་། སེམས་ཀྱི་བརྩེ་བའི་འོད་མདངས། ལག་གི་དངུལ་ནོར་གྱི་རིན་ཐང་དེ་དག་ངས་གཉོམ་ཆུང་བའི་ཕ་ཡུལ་གྱི་མི་རྣམས་ལ་ཤེས་སུ་འཇུག མཐོང་རུ་འཇུག འཕྲོད་པར་འཇུག ཕན་ཐོག་པར་བྱེད་དོ།། མཐོ་སྒང་གི་གྲང་རླུང་དང་ཁ་བ་འཚུབ་པའི་ཁྲོད་ན་ང་ཚོའི་ལུས་སེམས་ཀྱི་དྲོད་ཐིག་འདི་དག་ནི་དྲིན་ཆེན་གྱི་ཕ་མས་ཐོག་མར་གནང་བ་དང་། བྱམས་བརྩེ་གནང་བ་ཁྱེད་རྣམས་ཀྱིས་ཀྱང་དེ་བཞིན་ང་ཚོ་ལ་དྲོད་རླབས་ཤིག་སྟེར་བཞིན་ཡོད་པ་འདི་ང་ཚོའི་ནམ་ཡང་སྙིང་གི་ནང་ལ་གཅེས་ཉར་བྱེད་ཀྱིན། སེམས་ཀྱི་ཆུ་རླབས་དྭངས་མོ་རེ་རེའི་ངོས་ལ་ཁྱེད་ཅག་གི་འཛུམ་པའི་བྱད་དང་འཇམ་པའི་སྙིང་གི་བརྙན་རིས་འཆར་ཡོད། ཧཱུཾ་ཀར་རྡོ་རྗེས་ཨ་རི་རྒྱལ་ཁབ་ནས་ཉིས་སྟོང་བཅུ་གཉིས་ཟླ་བཅུ་གཅིག་པའི་ཚེས་བཅུ་ལ་བྲིས་ཏེ་ཀུན་གྱིས་བལྟ་བར་འབུལ།

Written by Hungkar Dorje in America for all to read.
November 10th 2012.

Rinpoche wrote this during the last Vajrasattva Meditation and Mantra's Teaching in San Jose 2012 while Rinpoche waited for translators to transalte. (Note from webmaster)

Hungkar Rinpoche

News

The tenth Winter Retreat starts on Nov 17, 2018 Register

Teaching Tour

Hà Nội


Date: Sep 24-25, 2016
Time: 9 AM - 12:PM, 2:00 PM - 5:00 PM
Place: Sủi Temple
Phú Thị, Gia Lâm, Hà Nội

Teaching: Dewachen Aspiration

Registration:
Phùng Ngọc Hồng Tel. 0983 585 966 email: honghanvnjsc@gmail.com
Hoàng Tuyết Anh Tel. 0936 106 606 email: tuyetanh0272@gmail.com

Flyer

Date: September 26, 2016
Time: 9 AM - 12:PM, 2:00 PM - 5:00 PM
Place: Tùng Vân Temple
Thị Trấn Thổ Tang, Huyện Vĩnh Tường, Vĩnh Phúc

Teaching: The Four Thoughts that Turn the Mind to Dharma, Riwo Sangcho, Tsok Offering

Registration:
Phùng Ngọc Hồng (0983 585 966 email: honghanvnjsc@gmail.com

Date: September 27, 2016
Time: 9 AM - 12:PM, 2:00 PM - 5:00 PM
Place: Sủi Temple
Phú Thị, Gia Lâm, Hà Nôi

Teaching: Ngondro, Kurukulla (Restricted Registration)

Registration:
Phùng Ngọc Hồng (0983 585 966 email: honghanvnjsc@gmail.com

T/P Hồ Chí Minh


Date: October 5, 2016
Teaching: Padmasambhava Empowerment, Riwo Sangcho
Time: 9:30 AM - 12:00PM,
2:00 PM - 4:30 PM
Place: Pháp Hoa Temple
870 Trường Sa, P.14, Q.3


Date: October 6, 2016
Teaching: Manjusri Empowerment, Tsok
Time: 9:30 AM - 12:00PM,
2:30 PM - 4:30 PM
Place: Pháp Hoa Temple
870 Trường Sa, P.14, Q.3


San Jose


Date: October 22-23, 2016
Teaching: Commentary on Sukhavati - Prayer by Karma Chagme
Time: 9:00 AM - 12:00PM,
2:00 PM - 5:00 PM
Place: Maha Vairocanna Buddhist Temple

Flyer


San Diego


Date: From 8:00AM Oct 29 to 12:00PM Nov 2, 2016
Teaching: Six Bardo
Place: 7833 Linda Vista Rd., San Diego, CA 92111

Flyer

Registration: contact
Tommy (858) 380-6832 OR
Dat Duong, (858) 229-5200
Email kdl@san.rr.com